དྭགས་པོ་ཐར་རྒྱན།/20
༈འབྲས་བུ་རྫོགས་སངས་རྒྱས་ཀྱི་སྐུ། །ཞེས་པ་ལ། དེ་ལྟར་ས་ལམ་རྣམས་ཡོངས་སུ་བགྲོད་པར་གྱུར་པ་ལས་སྐུ་གསུམ་གྱི་ངང་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་ལམ་སྒྲོན་ལས་ཀྱང་། སངས་རྒྱས་བྱང་ཆུབ་ཡུན་མི་རིང་། །ཞེས་གསུངས་སོ། །སངས་རྒྱས་དེ་ཡང་།
སྡོམ་ནི།
རང་བཞིན་སྒྲ་དོན་དབྱེ་བ་དང་། །
རྣམ་གཞག་གྲངས་ངེས་མཚན་ཉིད་དང་། །
ཁྱད་པར་དང་ནི་དོན་བདུན་གྱིས། །
རྫོགས་སངས་རྒྱས་ཀྱི་སྐུ་རྣམས་བསྡུས། །
ཞེས་པའོ། །དེ་ལ་དང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ནི། སྤངས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའོ། །
དེ་ལ་སྤངས་པ་ཕུན་སུམ་ཚོགས་པ་ནི། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ས་དང་ལམ་རྣམས་སུན་ཕྱུང་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འཇུག་ཐོགས་སུ་མ་ལུས་པར་སྤངས་པ་སྟེ། དེ་ཡང་སྙོམས་འཇུག་གི་སྒྲིབ་པ་ལ་སོགས་པ་ནི་སྒྲིབ་པ་གཉིས་པོ་དེའི་དབྱེ་བར་ཟད་པས། གཉིས་པོ་དེ་སྤངས་པས་སྒྲིབ་པ་ཐམས་ཅད་སྤངས་པ་ཡིན་ནོ། །
ཡེ་ཤེས་ཕུན་སུམ་ཚོགས་པ་ལ་བཞེད་པ་ཐ་དད་དེ། དེ་ལ་ཁ་ཅིག་ན་རེ། སངས་རྒྱས་ལ་རྣམ་རྟོག་ཀྱང་མངའ། ཡེ་ཤེས་ཀྱང་མངའ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སངས་རྒྱས་ལ་རྣམ་རྟོག་ནི་མི་མངའ་ལ་ཅི་ཡང་ས་ལེར་མཁྱེན་པའི་ཡེ་ཤེས་ནི་མངའ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཡེ་ཤེས་རྒྱུན་ཆད་པ་ཡིན་ཞེས་ཟེར་རོ། །ཁ་ཅིག་ན་རེ་སངས་རྒྱས་ལ་ཡེ་ཤེས་ཡོད་མ་མྱོང་བ་ཡིན་ཞེས་ཟེར་རོ། །
དེ་ཡང་མདོ་དང་བསྟན་བཅོས་གཉིས་ཆར་གྱི་གཞུང་ལས་ནི་སངས་རྒྱས་ཀྱི་ཡེ་ཤེས་བཤད་དེ། ཇི་སྐད་དུ། འཕགས་པ་སྡུད་པ་ལས། དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག། རེག་པར་འདོད་ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པ་སྟེ། ཞེས་གསུངས་སོ། །ཡང་དེ་ཉིད་ཀྱི་ལེའུ་ཉེར་གཅིག་པ་ལས་ཀྱང་། བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡོད་དོ། །ཞེས་གསུངས་སོ། །མདོ་གཞན་ལས་ཀྱང་ཡེ་ཤེས་བཤད་པ་མང་པོ་ཡོད་དོ། ། བསྟན་བཅོས་ཀྱི་དབང་དུ་བྱས་ན། མདོ་སྡེ་རྒྱན་ལས་ཀྱང་། ཇི་ལྟར་ཉི་མའི་འོད་ཟེར་གཅིག། བྱུང་ན་འོད་ཟེར་ཀུན་འབྱུང་བ། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང་། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །ཞེས་སོགས་དང་། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོགས། །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་གསུངས་སོ། །བསྟན་བཅོས་གཞན་ལས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་བཤད་དོ། །
གཞུང་དེ་དག་ལ་བརྟེན་ནས་ཁ་ཅིག་སངས་རྒྱས་ལ་ཡེ་ཤེས་མངའ་བར་བཞེད་དོ། །དེ་ཡང་མངའ་ལུགས་བཤད་ན། ཡེ་ཤེས་དེ་མདོར་བསྡུ་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཡིན་ལ། དེ་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ནི། དོན་དམ་མཁྱེན་པ་སྟེ། སྔར་བརྗོད་པ་ལྟར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐར་ཐུག་པ་དེ་ཁོ་ན་ཉིད་ཡོངས་སུ་གོམས་པ་ལས། ཡུལ་གྱི་སྤྲོས་པ་མ་ལུས་པར་བཅད་པ་ན། བློའི་འཇུག་པ་མཐའ་དག་རབ་ཏུ་ཞི་བས། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་དང་། ཡེ་ཤེས་སྤྲོས་པ་མེད་པ་གཉིས་རོ་གཅིག་པས། ཆུ་ལ་ཆུ་བཞག་པའམ་མར་ལ་མར་བཞག་པ་ལྟར་དབྱེར་མེད་པའམ། གཟུགས་ཅི་ཡང་མ་མཐོང་བ་ལ་ནམ་མཁའ་མཐོང་བར་བསྙད་པ་ལྟར་རམ། སྣང་བ་མེད་པའི་ཤེས་རབ་ཆེན་པོ་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ། དེ་ལྟར་ཡང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱ་སྤྲོས་བྲལ་དེ་ཉིད་དང་། །
དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །ཅེས་པ་དང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟགས་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་གསུངས་སོ། །
ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀུན་རྫོབ་ཐ་སྙད་པའི་དོན་རྣམ་པ་ཐམས་ཅད་ཏུ་མཁྱེན་པ་ཡིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་སྒྲིབ་པའི་ས་བོན་ཐམས་ཅད་བཅོམ་པས་ཤེས་རབ་ཆེན་པོར་འགྱུར། དེའི་སྟོབས་ཀྱིས་ཤེས་བྱའི་ཚོགས་དུས་གསུམ་གྱིས་བསྡུས་པའི་དོན་མཐའ་དག་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་མཁྱེན་ཞིང་གཟིགས་པ་ཡིན་ནོ། །མདོ་ལས་ཀྱང་སངས་རྒྱས་ཀྱིས་ཀུན་རྫོབ་མཁྱེན་པར་བཤད་དེ། ཇི་སྐད་དུ། རྨ་བྱའི་མདོངས་ནི་གཅིག་པུ་ཡི། །རྒྱུ་ཡི་རྣམ་པ་ཐ་དད་པ། །ཀུན་མཁྱེན་མིན་པའི་ཤེས་བྱ་མིན། །དེ་ཤེས་པ་ནི་ཀུན་མཁྱེན་སྟོབས། །ཞེས་གསུངས་སོ། །རྒྱུད་བླ་མ་ལས་ཀྱང་། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཞེས་གསུངས་སོ། །
དེ་ཡང་ཇི་ལྟར་མཁྱེན་ཞིང་གཟིགས་ན་དངོས་འཛིན་ལྟ་བུ་མ་ཡིན་ཏེ། སྒྱུ་མ་ལྟ་བུ་མཁྱེན་ཞིང་གཟིགས་པ་ནི། དེ་ལྟར་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས། དཔེར་ན་སྒྱུ་མ་མཁན་པོ་འགའ། །སྒྱུ་མ་ཐར་བར་བྱ་ཕྱིར་བརྩོན། །གང་ཕྱིར་དེ་ནི་མངོན་ཤེས་པས། །སྒྱུ་མ་ལ་ནི་དེ་མི་ཆགས། །དེ་བཞིན་སྲིད་གསུམ་སྒྱུ་མ་ལྟར། །རྫོགས་པའི་བྱང་ཆུབ་མཁས་པས་མཁྱེན། །ཞེས་གསུངས་སོ། །ཡབ་སྲས་མཇལ་བའི་མདོ་ལས་ཀྱང་། །སྒྱུ་མ་མཁན་པོས་སྒྱུ་སྤྲུལ་པ། །སྒྱུ་མ་ལགས་པར་འཚལ་བས་ན། །དེ་ལ་རྨོངས་པར་འགྱུར་མ་ལགས། །ཁྱོད་ཀྱིས་འགྲོ་ཀུན་དེ་བཞིན་གཟིགས། །ཐམས་ཅད་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །
ཡང་ཁ་ཅིག་ན་རེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ། དོན་དམ་མཁྱེན་པ་ནི་མངའ་ལ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ། ཀུན་རྫོབ་མཁྱེན་པ་མི་མངའོ། །དེ་ལྟར་མཁྱེན་རྒྱུ་ཡོད་པ་ལ་མ་མཁྱེན་པ་ནི་མ་ཡིན་ཏེ། མཁྱེན་རྒྱུ་ཀུན་རྫོབ་མེད་པས་དེ་མཁྱེན་པའི་ཡེ་ཤེས་མེད་པའོ། །
དེ་ཡང་ཀུན་རྫོབ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པས་རྒྱུ་བྱས་པའི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ལ་སྣང་། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པས་རྒྱུ་བྱས་པའི་འཕགས་པ་གསུམ་ལ་སྣང་སྟེ། དཔེར་ན་མིག་ནད་ཅན་ལ་སྐྲ་ཤད་དང་རབ་རིབ་སྣང་བ་ལྟ་བུ་ཡིན།
སངས་རྒྱས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཏུ་མ་རིག་པ་སྤངས་ནས། ཆོས་འགའ་ཡང་མཐོང་བ་མེད་པའི་ཚུལ་དུ་དེ་ཁོ་ནའི་དོན་གཟིགས་པས། ཀུན་རྫོབ་འཁྲུལ་པ་འདི་སངས་རྒྱས་ལ་མི་མངའ་སྟེ། དཔེར་ན་མིག་ནད་དག་པའི་གང་ཟག་ལ་སྐྲ་ཤད་དང་རབ་རིབ་མི་སྣང་བ་ལྟ་བུའོ། །
དེས་ན་ཀུན་རྫོབ་སྣང་བ་འདི་མ་རིག་པའི་དབང་གིས་ཡིན་པས། འཇིག་རྟེན་ལ་ལྟོས་ནས་བཞག་པར་ཟད་ཀྱི། སངས་རྒྱས་ལ་ལྟོས་ནས་མེད་པས་དེ་མཁྱེན་པའི་ཡེ་ཤེས་ཀྱང་མེད་པ་ཡིན་ནོ། །
གལ་ཏེ་སངས་རྒྱས་ལ་སྣང་བ་དང་བཅས་པའི་བློ་ཡོད་ན། འཁྲུལ་པའི་ཡུལ་སྣང་བས་སངས་རྒྱས་ཉིད་ཀྱང་འཁྲུལ་བཅས་སུ་འགྱུར་ལ། ཐུབ་པ་ཆེན་པོ་རྣམས་རྟག་ཏུ་མཉམ་པར་བཞག་པ་ལ་སོགས་པའི་ལུང་དང་ཡང་འགལ་ལོ་རྒྱ་ཆེ་རོལ་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས། དུས་ཐམས་ཅད་མཉམ་པར་བཞག་གོ། ཞེས་གསུངས་སོ། །ཞེས་ཟེར་རོ། །
དེ་ལ་འདོད་པ་སྔ་མ་བ་ན་རེ། རྗེས་ཐོབ་ཡིན་པ་ཙམ་གྱིས་གཡེང་བ་ལ་སོགས་པར་མི་འགྱུར་བས། རྟག་ཏུ་མཉམ་པར་བཞག་པ་ལ་སོགས་པའི་ལུང་དང་ཡང་མི་འགལ་ལོ། །ཞེས་གསུངས་སོ། །
འཁྲུལ་ཡུལ་སྣང་བ་ཙམ་འཁྲུལ་པར་བརྗོད་པ་ཡང་མི་འཐད་དེ། གཞན་གྱི་ཤེས་ངོའི་འཁྲུལ་ཡུལ་ཐམས་ཅད་སྣང་ཡང་དེར་འཛིན་པའི་བློས་མ་ལུས་པ་འཁྲུལ་པ་ཉིད་དུ་ཤེས་བཞིན་དུ། འགྲོ་བ་རྣམས་ཀྱི་མཐོ་རིས་དང་། བྱང་གྲོལ་གྱི་རྒྱུ་ཉིད་དུ་བརྟེན་པར་ཟད་པས་འཁྲུལ་བཅས་སུ་ག་ལ་འགྱུར། དེས་ན་འཁྲུལ་པ་ཙམ་དུ་ཤེས་ན། མ་འཁྲུལ་ཉིད་དུ་ངེས་པར་བཟུང་། །ཞེས་གསུངས་སོ། །ཞེས་ཟེར་རོ། །
ཡང་ཁ་ཅིག་ན་རེ། བདེན་ཞེན་མེད་པའི་ཀུན་རྫོབ་ཡུལ་དུ་བྱས་པ་ལ་མཚན་མས་གནོད་པ་མེད་ལ། གནོད་པ་མེད་པ་དེ། སངས་རྒྱས་ཀྱིས་ཡུལ་དུ་བྱས་ཀྱང་འཁྲུལ་པར་མི་འགྲོ། ཞེས་ཀྱང་ཟེར་རོ། །
དེས་ན་འདོད་པ་སྔ་མ་ནི། ཇི་སྙེད་པ་ཞེས་བྱ་བ་སངས་རྒྱས་ལ་རྗེས་ཐོབ་ཀྱི་ཡེ་ཤེས་མངའ་བར་འདོད་པ་སྟེ། ཇི་སྐད་དུ། སྔ་མ་ཇི་ལྟར་མཁྱེན་པ་ནི། །འཁྲུལ་མེད་མཉམ་གཞག་བློ་འཇུག་མེད། །ཕྱི་མ་ཇི་སྙེད་མཁྱེན་པ་ནི། །འཁྲུལ་སྣང་རྗེས་ཐོབ་བློ་འཇུག་ཅན། །ཞེས་གསུངས་སོ། །
འདོད་པ་ཕྱི་མ་ནི། སངས་རྒྱས་ལ་རྗེས་ཐོབ་ཀྱི་ཡེ་ཤེས་མི་མངའ་བར་འདོད་པ་སྟེ། འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་མདོ་ལས། དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་གང་ཡང་ཐུགས་སུ་མ་ཆུད་མ་མཁྱེན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཁྱེན་པར་བྱ་བའི་ཡུལ་གང་ཡང་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །
གཞན་ལས་ཀྱང་། མུ་སྟེགས་བྱེད་པ་ཁ་ཅིག་ནི། ཐར་པར་འགྲོ་དང་ལྡན་ཞེས་སྨྲ། །ཁྱོད་ནི་ཞི་བར་གཤེགས་གྱུར་ནས། །ཞུགས་གུམ་ལྟ་བུར་བགྲང་དུ་མེད། །ཅེས་གསུངས་སོ། །དེ་ལྟར་ན་འདོད་པ་ཐ་དད་པ་རྣམས་བཤད་ཟིན་ཏོ། །
དགེ་བཤེས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་ནི་ཆོས་ཀྱི་སྐུ་ཡིན་ལ། ཆོས་ཀྱི་སྐུ་ཞེས་བྱ་བ་ནི། ནོར་བ་ཐམས་ཅད་ཟད་པའམ། རང་བཞིན་ལོག་པ་ཙམ་ཞིག་ལ། དེ་སྐད་དུ་ཐ་སྙད་བྱས་པ་ཙམ་ཡིན། དོན་ལ་ཆོས་སྐུ་སྐྱེ་མེད་སྤྲོས་བྲལ་ཡིན་ནོ། །མདོ་སྡེ་རྒྱན་ལས་ཀྱང་། ཐར་པ་ནོར་ཟད་ཙམ་པ་ཉིད། ཅེས་གསུངས་སོ།
དེས་ན་སངས་རྒྱས་ནི་ཆོས་ཀྱི་སྐུ་ཡིན་ལ། ཆོས་སྐུ་ནི་སྐྱེ་མེད་སྤྲོས་བྲལ་ཡིན་པས་ཡེ་ཤེས་མི་མངའོ། འོ་ན་མདོ་ལས་ཡེ་ཤེས་གཉིས་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། མིག་གི་རྣམ་པར་ཤེས་པ་སྔོར་སྣང་དུ་སྐྱེས་པ་ལ། སྔོན་པོ་མཐོང་ཞེས་ཟེར་བ་བཞིན་དུ། ཡེ་ཤེས་ཉིད་ཆོས་ཀྱི་དབྱིངས་སུ་གྱུར་པ་ལ་ཇི་ལྟ་བ་མཁྱེན་པར་བཞེད་ལ། ཇི་སྙེད་པ་མཁྱེན་པ་ཀུན་རྫོབ་ཡིན་པས་གདུལ་བྱའི་སྣང་བ་ལ་འཇོག་པས་ན། ལུགས་འདི་བདེ་བ་ཡིན་ཞེས་གསུང་ངོ་།
རྗེ་བཙུན་མི་ལའི་བཞེད་ཀྱི། ཡེ་ཤེས་བྱ་བ་ཡང༌། ད་ལྟའི་ཤེས་པ་བཟོ་བཅོས་མ་ཕོག་པ་འདི་ལ་ཡོད་མེད་དམ། རྟག་ཆད་ཚིག་དང་བློ་ལས་འདས་པ་འདི་རང་ཡིན། འདི་ལ་ཅི་ལྟར་བརྗོད་ཀྱང་འགལ་བ་མ་ཡིན་པས། ཡེ་ཤེས་ཀྱང་དེ་ལྟ་བུ་ཡིན་ཏེ། མཁས་སུ་རེ་བའི་བློས་བྱས་པས་སངས་རྒྱས་རང་ལ་ཞུས་ཀྱང་ཕྱོགས་གཅིག་པ་ཅིག་གསུང་དུ་ཡོད་མི་སྙམ། ཆོས་སྐུ་བློ་འདས་སྐྱེ་མེད་སྤྲོས་བྲལ་ཡིན། ང་ལ་མ་དྲི། སེམས་ལ་ལྟོས་དང༌། དེ་འདྲ་ཅིག་ཡིན་གསུངས་པས་དེ་ལྟར་དུ་བཞེད་པ་མེད་པ་ཡིན་ནོ། དེ་ལྟར་ན་སྤོངས་བ་ཕུན་སུམ་ཚོགས་པ་འམ་། ཡེ་ཤེས་ཕུན་སུམ་ཚོགས་པ་དེ་སངས་རྒྱས་ཀྱི་ངོ་བོའམ་རང་བཞིན་ནོ། རྒྱུད་བླ་མ་ལས་ཀྱང་། སངས་རྒྱས་ཉིད་དུ་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཆེ་བ། །ཉི་མཁའ་བཞིན་ཏེ་སྤངས་པ་དང་། །ཡེ་ཤེས་གཉིས་ཀྱི་མཚན་ཉིད་དོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང་། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཞིང་། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་ལྡན་ཐོབ་པ་སངས་རྒྱས་ཉིད། །ཅེས་གསུངས་སོ། །
སྒྲའི་དོན་བཤད་ན། ཅིའི་ཕྱིར་སངས་རྒྱས་ཞེས་བྱ་ཞེ་ན། མ་རིག་པ་གཉིད་དང་འདྲ་བ་ལས་སངས་ནས། ཤེས་བྱ་གཉིས་ལ་བློ་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །དེ་ལྟར་ཡང་། མ་རིག་གཉིད་ལས་སངས་ཕྱིར་དང་། །བློ་རྒྱས་གཉིས་ཕྱིར་སངས་རྒྱས་ཡིན། །ཞེས་གསུངས་སོ། །
དེ་ལ་མ་རིག་པའི་གཉིད་ལས་སངས་ཞེས་པའི་དོན་ནི། སྔར་བཤད་པའི་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཤེས་བྱ་ལ་བློ་རྒྱས་ཞེས་པ་ཡང་སྔར་བཤད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཉིད་དོ། །
དབྱེ་བ་བཤད་ན། སངས་རྒྱས་ལ་དབྱེ་ན་སྐུ་རྣམ་པ་གསུམ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །དེ་ལྟར་ཡང་མདོ་གསེར་འོད་དམ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །ཞེས་གསུངས་སོ། །
འོ་ན་ལུང་ཁ་ཅིག་ལས་སྐུ་གཉིས་སུ་བཤད་པ་དང་། སྐུ་བཞིར་བཤད་པ་ཡང་ཡོད། །སྐུ་ལྔར་བཤད་པ་ཡང་ཡོད་དོ་ཞེ་ན། དེ་ལྟར་བཤད་ཀྱང་ཐམས་ཅད་སྐུ་གསུམ་པོ་དེ་རང་དུ་འདུས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས་ཀྱང་། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་པར་བྱ། །ཞེས་གསུངས་སོ། །
སྐུ་གསུམ་གྱི་རྣམ་པར་བཞག་པ་བཤད་ན། ཆོས་ཀྱི་སྐུ་ནི་སངས་རྒྱས་དངོས་ཡིན་ཏེ། འཕགས་པ་བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་བལྟ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ། །ཞེས་གསུངས་སོ། །མདོ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། རྒྱལ་བའི་དབང་པོ་གཟུགས་ཀྱི་སྐུར་མི་བལྟ། ཞེས་གསུངས་སོ། །
གཟུགས་སྐུ་གཉིས་ནི་ཆོས་ཀྱི་སྐུའི་བྱིན་རླབས་དང་། གདུལ་བྱའི་སྣང་བ་དང་། སྔོན་གྱི་སྨོན་ལམ་ལས་གྲུབ་པའི་སྐུ་སྟེ། དེ་གསུམ་འཛོམ་པ་ལས་བྱུང་བར་ཤེས་པར་བྱའོ། །
དེ་ཡང་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་འབའ་ཞིག་ལས་བྱུང་བ་ཡིན་ན་ནི། ཆོས་ཀྱི་དབྱིངས་ཀྱིས་སེམས་ཅན་ཀུན་ལ་ཁྱབ་པས། ཀུན་འབད་པ་མེད་པར་གྲོལ་བར་རིགས་པའམ། ཡང་ན་སེམས་ཅན་ཀུན་སངས་རྒྱས་དང་ཞལ་མཇལ་བར་རིགས་ཏེ། དེ་ལྟར་ཡང་མི་འདུག་པས་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་གཅིག་པུ་ལས་བྱུང་བ་མ་ཡིན་ནོ། །
གདུལ་བྱའི་སྣང་བ་འབའ་ཞིག་ཡིན་ན་ནི། མེད་པར་སྣང་བ་དེ་ལོག་ཤེས་ཡིན་ལ། ལོག་ཤེས་ལ་བརྟེན་ནས་སངས་རྒྱས་ན། སེམས་ཅན་རྣམས་ཀྱིས་ཐོག་མ་མེད་པ་ནས་ལོག་ཤེས་ལ་སྤྱད་ནས། དེ་ཙམ་ཀུན་སངས་རྒྱས་ཟིན་པར་རིགས་ཏེ། དེ་ལྟར་མི་འདུག་པས་གདུལ་བྱའི་སྣང་བ་གཅིག་པུ་ཡང་མ་ཡིན་ནོ། །
སྨོན་ལམ་འབའ་ཞིག་ལས་བྱུང་བ་ཡིན་ན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྨོན་ལམ་ལ་མངའ་བརྙེས་སམ་མ་བརྙེས། མ་བརྙེས་ན་ཐམས་ཅད་མཁྱེན་པར་ཡང་མི་འགྱུར་ལ། བརྙེས་ན་སྨོན་ལམ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉེ་རིང་མེད་པར་བཏབ་པས། སྨོན་ལམ་གྱི་སྒོ་ནས་ཀུན་འབད་པ་མེད་པར་གྲོལ་བར་རིགས་ཏེ། དེ་ལྟར་ཡང་མི་འདུག་པས། སྨོན་ལམ་གཅིག་པུ་ལས་བྱུང་བ་ཡང་མ་ཡིན་ནོ། །
དེས་ན་གཟུགས་སྐུ་གཉིས་ནི། གསུམ་པོ་དེ་འཛོམ་པའི་མཐུ་ལས་བྱུང་བ་ཡིན་ནོ། །
སྐུ་གསུམ་དུ་གྲངས་ངེས་པའི་རྒྱུ་མཚན་ནི། དགོས་པ་ལ་ལྟོས་པའི་གྲངས་ཏེ། རང་དོན་དུ་ཆོས་སྐུ་ཡིན་ལ། གཞན་དོན་དུ་གཟུགས་སྐུ་རྣམ་གཉིས་ཡིན་ནོ། །
དེ་ལ་ཆོས་སྐུས་རང་དོན་ཅི་ལྟར་བྱེད་ན། ཆོས་ཀྱི་སྐུ་དེ་ཐོབ་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས། སྟོབས་དང་མི་འཇིག་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་བོས་པ་བཞིན་དུ་འདུ་བར་འགྱུར་བའི་ཕྱིར་རོ། །
གཞན་ཡང་ཆོས་སྐུ་དེ་ཐོབ་པར་མ་ཟད་དེ། ཆོས་ཀྱི་སྐུ་དེ་ལ་མོས་པ་བྱས་པ་དང་། ཅུང་ཟད་རྟོགས་པ་དང་། ཕྱོགས་གཅིག་རྟོགས་པ་དང་། ཕལ་ཆེར་རྟོགས་པ་རྣམས་ཀྱང་ཡོན་ཏན་རིམ་པ་ལྟར། ཅུང་ཟད་དང་། མང་པོ་དང་། དུ་མ་དང་། དཔག་ཏུ་མེད་པ་དང་ལྡན་ནོ། །
དེ་ལ་འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་ཏིང་ངེ་འཛིན་དང་། མངོན་ཤེས་དང་། མཐུ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་ཆོས་ཀྱི་སྐུ་ལ་མོས་པ་བྱས་པའི་ཡོན་ཏན་ཡིན་ནོ། །འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱི་སྤངས་པ་དང་། མངོན་ཤེས་དང་། རྫུ་འཕྲུལ་ལ་སོགས་པ་ཐམས་ཅད་ནི་ཆོས་ཀྱི་སྐུ་ཅུང་ཟད་རྟོགས་པའི་ཡོན་ཏན་ཡིན་ནོ། །འཕགས་པ་རང་སངས་རྒྱས་དགྲ་བཅོམ་པ་རྣམས་ཀྱི་སྤངས་པའི་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་ལ་སོགས་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུ་ཕྱོགས་གཅིག་རྟོགས་པའི་ཡོན་ཏན་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་ལ་གནས་པ་རྣམས་ཀྱི་སྤངས་པ་དང་། ཏིང་ངེ་འཛིན་དང་། མངོན་ཤེས་ལ་སོགས་པ་ཐམས་ཅད་ཀྱང་། ཆོས་ཀྱི་སྐུ་ཕལ་ཆེར་རྟོགས་པའི་ཡོན་ཏན་ཡིན་ནོ། །
གཞན་དོན་གཟུགས་སྐུ་རྣམ་གཉིས་ཡོད་པས་བཞག་པ་ཡིན་ཏེ། དག་པའི་གདུལ་བྱའི་ངོས་ལ་ལོངས་སྐུའོ། །མ་དག་པའི་གདུལ་བྱའི་ངོས་ལ་སྤྲུལ་སྐུའོ། །དེས་ན་སངས་རྒྱས་ལ་སྐུ་རྣམ་པ་གསུམ་དུ་ངེས་སོ། །
སྐུ་གསུམ་པོ་སོ་སོའི་མཚན་ཉིད་འཆད་པ་ལ། ཆོས་ཀྱི་སྐུ་ཞེས་པ་དེ་ཡང་། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་དོན་རྟོགས་པས། ནོར་བ་ཐམས་ཅད་ཟད་པའམ། འཁྲུལ་ངོར་སྣང་བའི་རང་བཞིན་ལོག་ཙམ་ཞིག་ལ། ཆོས་ཀྱི་སྐུ་ཞེས་ཐ་སྙད་བཏགས་པ་ཙམ་ཡིན་གྱི། དོན་གྱི་ངོ་བོ་ལ་ཆོས་ཀྱི་སྐུ་དང་། ཆོས་ཀྱི་སྐུ་ཡི་མཚན་ཉིད་དང་། མཚན་གཞིར་གྲུབ་པ་གང་ཡང་མི་མངའ་བའི་ཕྱིར། བླ་མ་མི་ལས་གསུངས་པ་དེ་ཀ་ལྟར་ཡིན་ནོ། །
ལྡོག་པའི་སྒོ་ནས་བཤད་ན་ཆོས་ཀྱི་སྐུ་མཚན་ཉིད་བརྒྱད་དང་ལྡན་ཏེ། མཉམ་པ་དང་། ཟབ་པ་དང་། རྟག་པ་དང་། གཅིག་པ་དང་། ཡང་དག་པ་དང་། གཙང་བ་དང་། འོད་གསལ་བ་དང་། ལོངས་སྤྱོད་རྫོགས་པ་དང་འབྲེལ་བའོ། །
དེ་ལ་མཉམ་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཟབ་པ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བས་རྟོགས་པར་དཀའ་བའི་ཕྱིར་རོ། །རྟག་པ་ནི། འདུས་མ་བྱས་པས་ཐོག་མཐའ་བར་གསུམ་དུ་སྐྱེ་འགག་དང་བྲལ་བའི་ཕྱིར་རོ། །གཅིག་པ་ནི། དབྱིངས་དང་ཡེ་ཤེས་ཐ་མི་དད་པས་དབྱེར་མེད་པའི་ཕྱིར་རོ། །ཡང་དག་པ་ནི་སྒྲོ་སྐུར་གཉིས་ཀྱི་མཐའ་ལས་འདས་པས་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །གཙང་བ་ནི། སྒྲིབ་པ་གསུམ་ཉོན་མོངས་ཤེས་བྱ་སྙོམས་འཇུག་གིགྱི་དྲི་མ་དང་བྲལ་བའི་ཕྱིར་རོ། །འོད་གསལ་བ་ནི། རྟོག་པ་མེད་པ་སྟེ་རྣམ་པར་མི་རྟོག་པས་མི་རྟོག་པ་དེ་ཉིད་དུ་དམིགས་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པ་དང་འབྲེལ་བ་ནི། ཡོན་ཏན་རྒྱ་ཆེན་པོའི་བདག་ཉིད་ཀྱི། ལོངས་སྤྱོད་རྫོགས་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང་། རང་བཞིན་སྐུ་ནི་མཉམ་པ་དང་། །ཕྲ་ཞིང་ལོངས་སྤྱོད་རྫོགས་འབྲེལ་དང་། །ཞེས་གསུངས་སོ། །
ལོངས་སྤྱོད་རྫོགས་པའི་སྐུ་ཡང་མཚན་ཉིད་བརྒྱད་དང་ལྡན་ཏེ། འཁོར་དང་། ཞིང་དང་། སྐུ་དང་། མཚན་དང་། ཆོས་དང་། མཛད་པ་དང་། ལྷུན་གྱིས་གྲུབ་པ་དང་། རང་བཞིན་མེད་པའོ། །
དེ་ལ་གང་དང་ལྷན་ཅིག་ཏུ་སྤྱོད་པའི་འཁོར་ནི། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། གང་དུ་ལོངས་སྤྱོད་པའི་ཞིང་ནི། ཞིང་ཁམས་ཡོངས་སུ་དག་པའོ། །གང་གིས་ལོངས་སྤྱོད་པའི་སྐུ་ནི། དཔལ་རྣམ་པར་སྣང་མཛད་ལ་སོགས་པའོ། །གང་དང་ལྡན་པའི་མཚན་ནི། སྐུ་དེ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའོ། །གང་ལ་རྫོགས་པར་ལོངས་སྤྱོད་པའི་ཆོས་ནི། ཐེག་པ་ཆེན་པོ་འབའ་ཞིག་གོ། གང་མཛད་པའི་འཕྲིན་ལས་ནི། རྒྱལ་སྲས་ལུང་སྟོན་པ་ལ་སོགས་པ་མཛད་པའོ། །ལྷུན་གྱིས་གྲུབ་པ་ནི། མཛད་པ་ལ་སོགས་པ་དེ་དག་ཐམས་ཅད་ལ་འབད་པ་དང་བྲལ་ཏེ། ནོར་བུའི་རྒྱལ་པོ་ལྟར་ལྷུན་གྲུབ་ཏུ་འབྱུང་བའོ། །རང་བཞིན་མེད་པ་ནི། སྐུ་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་། ཤེལ་གྱི་ཁ་དོག་ལྟར་སྣ་ཚོགས་ཀྱི་རང་བཞིན་དང་བྲལ་བའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་གིས་ཐ་དད་དོ། །ཞེས་གསུངས་སོ། །མངོན་རྟོགས་རྒྱན་ལས་ཀྱང་། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་སོ། །
སྤྲུལ་པའི་སྐུ་ཡང་མཚན་ཉིད་བརྒྱད་དང་ལྡན་ཏེ། རྟེན་དང་། རྒྱུ་དང་། ཞིང་དང་། དུས་དང་། རང་བཞིན་དང་། འཇུག་པར་བྱེད་པ་དང་། སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པའོ། །
དེ་ལ་རྟེན་ནི། ཆོས་ཀྱི་སྐུ་སྟེ་གཡོ་བ་མེད་བཞིན་དུའོ། །རྒྱུ་ནི། འགྲོ་བ་མཐའ་དག་ལ་ཕན་པར་བཞེད་པའི་སྙིང་རྗེ་ཆེན་པོ་ལས་བྱུང་བའོ། །ཞིང་ནི། ཡོངས་སུ་དག་པའི་ཞིང་དང་ཡོངས་སུ་མ་དག་པའི་ཞིང་ཡང་ངོ་། །དུས་ནི། འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་ཆད་པའོ། །རང་བཞིན་ནི། སྤྲུལ་པ་གསུམ་གྱི་གཟུགས་ཀྱིས་ཏེ། བཟོ་སྤྲུལ་པ་པི་ཝང་ལེན་པ་ལ་སོགས་པ་བཟོ་སྣ་ཚོགས་དཔེ་མེད་པར་མཁས་ཤིང་སྦྱོར་བ་དང་། སྐྱེ་བ་སྤྲུལ་པ་རི་བོང་ལ་སོགས་ལུས་དམན་པ་སྣ་ཚོགས་ཀྱང་ལེན་པ་དང་། མཆོག་གི་སྤྲུལ་པ་དགའ་ལྡན་ནས་གཤེགས་པ་དང་། ལྷུམས་སུ་འཇུག་པ་ནས། ཞི་བ་ཆེན་པོར་གཤེགས་པའི་བར་བསྟན་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་སོ། །རྒྱུད་བླ་མ་ལས་ཀྱང་། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་ལ་དགྱེས་རོལ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཅི་སྲིད་གནས་པར་སྟོན། །ཞེས་གསུངས་སོ། །འཇུག་པར་བྱེད་པ་ནི། འཇིག་རྟེན་ཐ་མལ་པ་དག་ཅི་རིགས་པར་མྱ་ངན་ལས་འདས་པ་རྣམ་པ་གསུམ་ལ་འདུན་ཞིང་འཇུག་པར་བྱེད་པའོ། །སྨིན་པར་བྱེད་པ་ནི། ལམ་ལ་ཞུགས་པ་རྣམས་ཚོགས་ཡོངས་སུ་སྨིན་པར་བྱེད་པའོ། །གྲོལ་བར་བྱེད་པ་ནི། དགེ་བས་ཡོངས་སུ་སྨིན་པ་དག་སྲིད་པའི་འཆིང་བ་ལས་གྲོལ་བར་བྱེད་པའོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །ཞེས་གསུངས་སོ། །དེ་ལྟར་བརྒྱད་པོ་དེ་སྤྲུལ་པའི་སྐུའི་མཚན་ཉིད་དོ། །མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་པ། །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་གསུངས་སོ། །
ཁྱད་པར་ནི་གསུམ་སྟེ། མཉམ་པའི་ཁྱད་པར་དང་། རྟག་པའི་ཁྱད་པར་དང་། སྣང་བའི་ཁྱད་པར་རོ། །
དེ་ལ་དང་པོ་མཉམ་པའི་ཁྱད་པར་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི། རྟེན་ཆོས་ཀྱི་དབྱིངས་ཐ་དད་མེད་པས་མཉམ་པའོ། །སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་དགོངས་པ་ཐ་དད་མེད་པས་མཉམ་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་ནི་འཕྲིན་ལས་ཐུན་མོང་དུ་གྱུར་པས་མཉམ་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། དེ་དག་རྟེན་དང་དགོངས་པ་དང་། །འཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །ཅེས་གསུངས་སོ། །
རྟག་པའི་ཁྱད་པར་ནི། ཆོས་ཀྱི་སྐུ་དོན་དམ་པར་སྐྱེ་འགག་དང་བྲལ་བའི་བདག་ཉིད་ཡིན་པས་རང་བཞིན་གྱིས་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་ལོངས་སྤྱོད་རྒྱུན་ཆད་པ་མེད་པའི་ཕྱིར་རྒྱུན་གྱིས་རྟག་པའོ། །སྤྲུལ་པའི་སྐུ་ནི་མི་སྣང་བར་གྱུར་ནས་ཀྱང་ཡང་དང་ཡང་དུ་སྟོན་པ་སྟེ། རིགས་མཐུན་རྒྱུན་ཆད་ཀྱང་འཚམས་པའི་དུས་ལས་མི་ཡོལ་བར་འབྱུང་བའི་ཕྱིར་བྱ་བ་བྱེད་པས་རྟག་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་ཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་གསུངས་སོ། །
སྣང་བའི་ཁྱད་པར་ནི། ཆོས་ཀྱི་དབྱིངས་ལ་ཤེས་བྱའི་སྒྲིབ་པ་དག་པས་ནི་ཆོས་སྐུར་སྣང་ངོ་། །ཉོན་མོངས་པའི་སྒྲིབ་པ་དག་པས་ནི་ལོངས་སྐུར་སྣང་ངོ་། །ལས་ཀྱི་སྒྲིབ་པ་དག་པས་ནི་སྤྲུལ་སྐུར་སྣང་ངོ་། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། འབྲས་བུ་རྫོགས་པའི་སངས་རྒྱས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ། །། །