དྭགས་པོ་ཐར་རྒྱན།/8

72054དྭགས་པོ་ཐར་རྒྱན།སྒམ་པོ་པ་བསོད་ནམས་རིན་ཆེན།

༈ད་ནི་སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པའི་གཉེན་པོར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་རྣམས་བཤད་པར་བྱ་སྟེ།

སྡོམ་ནི།

རྟེན་དང་ངོ་བོ་དབྱེ་བ་དང་། །
དམིགས་པ་རྒྱུ་དང་བླང་ཡུལ་དང་། །
ཆོ་ག་ཕན་ཡོན་ཉེས་དམིགས་དང་། །
འཆོར་རྒྱུ་བཅོས་ཐབས་བསླབ་བྱ་སྟེ། །
བཅུ་དང་གཉིས་པོ་འདི་དག་གིས། །
བྱང་ཆུབ་མཆོག་གི་སེམས་བསྐྱེད་བསྡུས། །

ཞེས་པའོ། །དེ་ལ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྟེན་གྱི་གང་ཟག་ནི། ཐེག་པ་ཆེན་པོའི་རིགས་དང་ལྡན་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་དང་། སོ་སོར་ཐར་པའི་སྡོམ་པ་རིས་བདུན་གང་རུང་གཅིག་དང་ལྡན་པ་དང་། སྨོན་པའི་སེམས་བསྐྱེད་པ་རྣམས་མི་འཇུག་པའི་སེམས་བསྐྱེད་ཀྱི་རྟེན་ཡིན་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་མན་ཆད་དང་ལྡན་པ་ནི། སྨོན་པའི་སེམས་བསྐྱེད་ཀྱི་རྟེན་གྱི་གང་ཟག་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། འཇུག་པ་བསྐྱེད་པ་ལ་སྨོན་པ་སྔོན་དུ་འགྲོ་དགོས་པར་བྱང་ཆུབ་སེམས་དཔའི་ས་ལས་བཤད་པ་དང་། སྨོན་པའི་སྔོན་དུ་སྐྱབས་འགྲོ་དགོས་པར་བྱང་ཆུབ་ལམ་སྒྲོན་ལས་བཤད་པ་དང་། ཡང་འཇུག་པའི་རྟེན་དུ་སོ་སོར་ཐར་པའི་སྡོམ་པ་དགོས་པར་བྱང་ཆུབ་ལམ་སྒྲོན་ལས་བཤད་པ་དང་། སོ་སོར་ཐར་པའི་སྡོམ་པ་ལེན་པ་ལ་ཡང་། །སྐྱབས་འགྲོ་དགོས་པར་ཆོས་མངོན་པ་མཛོད་ལས་བཤད་པ་དང་། ཐེག་པ་ཆེན་པོའི་རིགས་མེད་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྱང་མི་སྐྱེ་བར་བྱང་ཆུབ་སེམས་དཔའི་ས་ལས་བཤད་པ་སྟེ། དེས་ན་དེ་དག་ཐམས་ཅད་འབྲེལ་ཞིང་ཚོགས་དགོས་སོ། །

དེ་ལ་དང་པོ་བཤད་ན། སྤྱིར་ཐེག་པ་ཆེན་པོའི་རིགས་ཡོད་པ། བྱེ་བྲག་ཏུ་རིགས་སད་པ་ཞིག་དགོས་ཏེ། རྒྱས་པར་གོང་དུ་བསྟན་པ་བཞིན་ཤེས་པར་བྱའོ། །

དོན་གཉིས་པ་སྐྱབས་འགྲོ་བཤད་ན། སྐྱབས་སུ་འགྲོ་ས་འདི་ཡང་འཇིག་རྟེན་གྱི་དྲག་རྩལ་ཅན། ཚངས་པ་དང་། ཁྱབ་འཇུག་དང་། མ་ཧཱ་དེ་བ་ལ་སོགས་པའམ། རང་རང་གི་ཡུལ་གྱི་རིའམ། བྲག་གམ། མཚོའམ། ལྗོན་ཤིང་ལ་སོགས་པ་ལ་གནས་པའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ལ་སྐྱབས་སུ་འགྲོ་བར་བྱའམ་ཞེ་ན། དེ་ཀུན་གྱིས་ཀྱང་སྐྱབས་མི་ཐུབ་པས་སྐྱབས་གནས་མ་ཡིན་ཏེ། ཇི་སྐད་དུ། མདོ་ལས། འཇིག་རྟེན་རྣམས་ནི་རི་དང་ནི། །ནགས་ཚལ་དང་ནི་མཆོད་གནས་ཀྱི། ཀུན་དགའ་དང་ནི་རྡོ་བ་དང་། །ལྗོན་ཤིང་ལྷ་ལ་སྐྱབས་འགྲོ་བ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །ཞེས་གསུངས་སོ། །

འོ་ན་ཕ་མ་གཉིས་དང་གཉེན་གྲོགས་ལ་སོགས་པ་རང་ལ་བརྩེ་ཞིང་ཕན་པར་དགའ་བ་རྣམས་ལ་སྐྱབས་སུ་འགྲོའམ་ཞེ་ན། དེས་ཀྱང་སྐྱབས་མི་ཐུབ་སྟེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། །ཞེས་གསུངས་སོ། །དེ་ཀུན་གྱིས་སྐྱབས་སུ་མི་ཐུབ་པ་ཅིའི་ཕྱིར་ཞེ་ན། སྐྱབས་ཐུབ་པ་ནི་ཁོ་རང་འཇིགས་པ་ལས་ཐར་བ་སྡུག་བསྔལ་མེད་པ་ཞིག་དགོས་ཏེ། དེ་ཀུན་ཀྱང་འཇིགས་པ་ལས་མ་ཐར་ཞིང་། སྡུག་བསྔལ་དང་བཅས་པའི་ཕྱིར་རོ། །

དེས་ན་སྡུག་བསྔལ་ལས་གཏན་དུ་ཐར་པ་སངས་རྒྱས་ལས་མེད། །སངས་རྒྱས་སྒྲུབ་པའི་ལམ་ཆོས་ལས་མེད། །ཆོས་བྱེད་པའི་གྲོགས་པོ་དགེ་འདུན་ལས་མེད་པས། ཁོང་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་ལྟར་ཡང་། །འཇིགས་གྱུར་འཇིགས་པ་སེལ་མཛད་ཅིང་། །སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང་། །ཆོས་དང་ཚོགས་མཆོག་དགེ་འདུན་ལ། །དེ་རིང་སྐྱབས་སུ་འགྲོ་བར་གྱིས། །ཞེས་གསུངས་སོ། ། འོ་ན་ཁོང་ལ་སྐྱོབ་པའི་ནུས་པ་མངའ་ཡང་། བདག་གིས་སྐྱབས་སུ་ཕྱིན་པས་སྐྱོབ་ངེས་སམ་སྙམ་ན་ཐེ་ཚོམ་མི་ཟ་སྟེ། མདོ་སྡེ་མྱ་ངན་འདས་ཆེན་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །

དེས་ན་དེ་གསུམ་ལ་སྐྱབས་སུ་འགྲོ་བ་འཆད་པ་ལ།

སྡོམ་ནི།

དབྱེ་བ་རྟེན་དང་ཡུལ་དང་དུས། །
བསམ་པ་ཆོ་ག་བྱེད་པའི་ལས། །
བསླབ་བྱ་དང་ནི་ཕན་ཡོན་ཏེ། །
དོན་རྣམ་དགུ་ཡིས་སྐྱབས་འགྲོ་བསྡུས། །

ཞེས་པའོ། །དེ་ལ་དང་པོ་སྐྱབས་འགྲོའི་དབྱེ་བ་ནི་གཉིས་ཏེ། ཐུན་མོང་གི་སྐྱབས་འགྲོ་དང་ཁྱད་པར་གྱི་སྐྱབས་འགྲོའོ། །རྟེན་གྱི་གང་ཟག་ལ་ཡང་གཉིས་ལས།

ཐུན་མོང་བའི་རྟེན་གྱི་གང་ཟག་ནི། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང་། དཀོན་མཆོག་གསུམ་ལ་ལྷར་འཛིན་པ་རྣམས་སོ། །ཁྱད་པར་ཅན་གྱི་རྟེན་གྱི་གང་ཟག་ནི། ཐེག་པ་ཆེན་པོའི་རིགས་ཅན་ལྷ་མིའི་ལུས་རྣམ་པར་དག་པ་ཐོབ་པ་རྣམས་སོ། །

ཡུལ་ལ་ཡང་གཉིས་ལས། ཐུན་མོང་བའི་ཡུལ་འཆད་པ་ལ། སངས་རྒྱས་དཀོན་མཆོག་ནི། སྤངས་པ་དང་། ཡེ་ཤེས་དང་། ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་སོ། །

ཆོས་དཀོན་མཆོག་ལ་ཡང་གཉིས་ལས། བསྟན་པའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །རྟོགས་པའི་ཆོས་ནི་ལམ་གྱི་བདེན་པ་དང་། འགོག་པའི་བདེན་པའོ། །

དགེ་འདུན་དཀོན་མཆོག་ལ་གཉིས་ལས། སོ་སོ་སྐྱེ་བོའི་དགེ་འདུན་ནི། དགེ་སློང་རྣམ་པར་དག་པ་བཞི་ཡན་ཆད་ཚོགས་པ་ཡིན་ལ། འཕགས་པའི་དགེ་འདུན་ནི། སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་པོ་དག་གོ།

ཁྱད་པར་གྱི་ཡུལ་ནི། མདུན་ན་བཞུགས་པའི་ཡུལ་དང་། མངོན་པར་རྟོགས་པའི་ཡུལ་དང་། དེ་ཁོ་ན་ཉིད་ཀྱི་ཡུལ་དང་གསུམ་མོ། །དེ་ལ་མདུན་ན་བཞུགས་པའི་ཡུལ་ནི། སངས་རྒྱས་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས། ཆོས་ནི་ཐེག་པ་ཆེན་པོའི་པོ་ཏི། དགེ་འདུན་ནི་བྱང་ཆུབ་སེམས་དཔའི་དགེ་འདུན། མངོན་པར་རྟོགས་པའི་ཡུལ་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །ཆོས་ནི་དམ་པའི་ཆོས་ཞི་བ་དང་མྱ་ངན་ལས་འདས་པའོ། །དགེ་འདུན་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འོ། །དེ་ཁོ་ན་ཉིད་ཀྱི་ཡུལ་གྱི་དབང་དུ་བྱས་ན། སྐྱབས་སུ་འགྲོ་བའི་ཡུལ་ནི་སངས་རྒྱས་ཉག་ཅིག་ཡིན་ནོ། །དེ་ལྟར་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་ཅིག་ཡིན། །ཞེས་གསུངས་སོ། །

འོ་ན་སངས་རྒྱས་ཀྱིས་གཏན་གྱི་སྐྱབས་ཐུབ་པ་ཅིའི་ཕྱིར་ཞེ་ན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་ཏེ། ཐུབ་པ་རྣམས་སྐྱེ་འགག་མེད་པ། རྣམ་པར་བྱང་བ། འདོད་ཆགས་དང་བྲལ་བ་སྟེ། ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་ན་ཡང་དམ་པའི་སྐྱབས་ཡིན་ལ། །ཐེག་པ་གསུམ་གྱི་ཚོགས་ཀྱང་ཆོས་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས། མཐར་ཕྱིན་པར་འགྱུར་བའི་ཕྱིར་དམ་པའི་སྐྱབས་ཡིན་ནོ། །

འོ་ན་ཆོས་དང་དགེ་འདུན་གཉིས་གཏན་གྱི་སྐྱབས་མ་ཡིན་ནམ་ཞེ་ན། རྒྱུད་བླ་མ་ལས། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །

དེ་དག་ཅིའི་ཕྱིར་གཏན་གྱི་སྐྱབས་གནས་མ་ཡིན་ཞེ་ན། ཆོས་ལ་གཉིས་ཡོད་པ་ལས། བསྟན་པའི་ཆོས་ནི་མིང་གི་ཚོགས་དང་ཡི་གེའི་ཚོགས་ཡིན་པས། ལམ་བགྲོད་ཟིན་ནས་གཟིངས་ལྟར་སྤང་བྱ་ཡིན་པས། གཏན་གྱི་སྐྱབས་མ་ཡིན་པའོ། །

རྟོགས་པའི་ཆོས་ལ་ཡང་གཉིས་ལས། ལམ་གྱི་བདེན་པ་ནི་འདུས་བྱས་ཡིན་པས་མི་རྟག་སྟེ། བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་སྐྱབས་མ་ཡིན་ནོ། །འགོག་པའི་བདེན་པ་ནི། ཉན་ཐོས་པའི་ལུགས་ཀྱི་མར་མེ་ཤི་བ་ལྟར་རྒྱུན་ཆད་དུ་འདོད་པས། མེད་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་པའོ། །དགེ་འདུན་ནི་ཁོ་རང་ཡང་འཁོར་བས་འཇིགས་ནས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཏེ། འཇིགས་བཅས་ཡིན་པས་གཏན་གྱི་སྐྱབས་མ་ཡིན་ནོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །

དེས་ན་སློབ་དཔོན་ཐོགས་མེད་ཀྱི་ཞལ་ནས་ཀྱང་། མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་གསུངས་སོ། །

འོ་ན་གོང་དུ་སྐྱབས་གསུམ་དུ་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་གདུལ་བྱ་དྲང་བའི་ཐབས་སུ་བྱུང་བ་ཡིན་ཏེ། ཐར་པ་ཆེན་པོའི་མདོ་ལས། མདོར་ན་སྐྱབས་ནི་གཅིག་སྟེ། ཐབས་ཀྱིས་ནི་གསུམ་མོ། །ཞེས་གསུངས་སོ། ། ཐབས་ཀྱིས་གསུམ་དུ་ཇི་ལྟར་བཞག་ཅེ་ན། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དཔོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་དང་། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་ཏེ། ཡོན་ཏན་གསུམ་དང་། ཐེག་པ་གསུམ་དང་། བྱེད་པ་གསུམ་དང་། མོས་པ་གསུམ་གྱི་དབང་དུ་བྱས་ནས་བཞག་པ་ཡིན་ནོ། །

དེ་ཡང་སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ། བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་དང་། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན་སངས་རྒྱས་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སོ། །བསྟན་པའི་ཡོན་ཏན་བསྟན་པའི་དོན་དུ། རང་རྒྱལ་གྱི་ཐེག་པའི་གང་ཟག་དང་། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན། ཆོས་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཞེས་པའོ། །སློབ་པའི་ཡོན་ཏན་བསྟན་པའི་དོན་དུ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པའི་དབང་དུ་བྱས་ན། དགེ་འདུན་སྐྱབས་ཡིན་ཏེ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའོ། །

དེ་ལྟར་དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་འདི་ནི། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཙམ་དུ་སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་གཞུག་པའི་དོན་དུ་གསུངས་པ་ཡིན་ནོ། ། དུས་ལ་ཡང་གཉིས་ལས། ཐུན་མོང་བའི་དུས་ནི། དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་བའོ། །ཁྱད་པར་ཅན་ནི། དུས་འདི་ནས་བཟུང་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། ། བསམ་པ་ལ་ཡང་གཉིས། ཐུན་མོང་བ་ནི། རང་གཅིག་པུའི་སྡུག་བསྔལ་མ་བཟོད་པའི་བསམ་པའོ། །ཁྱད་པར་ཅན་ནི། གཞན་གྱི་སྡུག་བསྔལ་མ་བཟོད་པའི་བསམ་པས་སོ། །

ཆོ་ག་ལ་ཡང་གཉིས་ལས། ཐུན་མོང་གི་ཆོ་ག་ནི་དང་པོ་སློབ་མས་སློབ་དཔོན་ལ་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་དཀོན་མཆོག་གསུམ་གྱི་རྟེན་གྱི་སྤྱན་སྔར་མཆོད་པ་འབུལ་བ་སྔོན་དུ་བཏང་ནས་སམ། ཡང་ན་དེ་མ་འཛོམ་ན་དཀོན་མཆོག་གསུམ་ནམ་མཁའ་ལ་དམིགས་ཏེ། ཡིད་ཀྱིས་ཕྱག་དང་མཆོད་པ་ཕུལ་ནས། སློབ་དཔོན་གྱི་རྗེས་སུ་སློབ་མས་འདི་སྐད་རྗོད་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག། ཆོས་ལ་སྐྱབས་སུ་མཆིའོ། ། ཚོགས་རྣམས་ཀྱི་མཆོག། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྙིང་ཐག་པ་ནས་ལན་གསུམ་བཟླས་པའོ། །

ཁྱད་པར་ཅན་གྱི་ཆོ་ག་ནི། སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་ལས།

དང་པོ་ནི། དགེ་བའི་བཤེས་གཉེན་བསྟེན་དུ་རུང་བ་ལ། མཎྜལ་མེ་ཏོག་དང་བཅས་པ་ཕུལ་ལ། གསོལ་བ་གདབ། དེ་ནས་དགེ་བའི་བཤེས་གཉེན་དེས། སློབ་མ་དེ་ཐེག་པ་ཆེན་པོའི་རིགས་དང་ལྡན་ཞིང་སྣོད་ལྡན་དུ་འདུག་ན་ཁས་བླངས་ཤིང་ནུབ་དང་པོ་དཀོན་མཆོག་གི་རྟེན་བཀྲམ། མཆོད་པ་བཤམས། །སྐྱབས་སུ་སོང་བའི་ཕན་ཡོན་དང་། མ་སོང་བའི་ཉེས་དམིགས་བཤད་དོ། །ནུབ་གཉིས་པ་ལ་དངོས་གཞིའི་ཆོ་ག་བྱ་ཏེ། དང་པོ་མདུན་ན་བཞུགས་པའི་ཡུལ་ལ་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྐྱེད་ནས། ཕྱག་དང་མཆོད་པ་ཕུལ་ལ། སློབ་དཔོན་གྱི་རྗེས་སུ་འདི་སྐད་བརྗོད་དོ། །

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག། ཞི་བ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག། འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ། །

དེ་ནས་མངོན་པར་རྟོགས་པའི་ཡུལ་སྤྱན་དྲངས་ལ། མངོན་སུམ་དང་འདྲ་བར་དམིགས་ཏེ། ཕྱག་དང་མཆོད་པ་ཕུལ་ལ། ད་ཅི་བྱེད་ཁྱེད་མཁྱེན་སྙམ་པའི་བསམ་པས། གོང་ལྟར་སྐྱབས་འགྲོ་ལན་གསུམ་བྱའོ། །

དེ་ནས་དེ་ཁོ་ན་ཉིད་ཀྱི་ཡུལ་ལ། འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་ཕྱག་དང་མཆོད་པ་ཕུལ་ལ་སྐྱབས་སུ་འགྲོ་བ་ནི། ཆོས་ཐམས་ཅད་གདོད་མ་ནས་བདག་མེད་ཅིང་ཅིའི་ངོ་བོར་ཡང་མ་གྲུབ་པས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་དེ་བཞིན་དུ་མཐོང་བར་བྱ་སྟེ། དེ་ནི་མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས་ཡིན་ནོ། །དེ་ལྟར་ཡང་མ་དྲོས་པས་ཞུས་པའི་མདོ་ལས། ཟང་ཟིང་མེད་པའི་སེམས་ཀྱིས་སྐྱབས་སུ་སོང་བ་གང་ཞེ་ན། ཆོས་ཐམས་ཅད་མེད་པར་ཤེས་ནས་གཟུགས་སུ་མ་ཡིན། མཚན་དུ་མ་ཡིན། ཆོས་སུ་མ་ཡིན་པར་སངས་རྒྱས་ཡང་དག་པར་མཐོང་བ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བའོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་སོང་བར་མཐོང་བ་ནི། ཆོས་ལ་སྐྱབས་སུ་སོང་བའོ། །འདུས་བྱས་དང་། འདུས་མ་བྱས་གཉིས་སུ་མེད་པར་མཐོང་བ་ནི། དགེ་འདུན་ལ་སྐྱབས་སུ་སོང་བའོ། །ཞེས་གསུངས་སོ། །

ནུབ་གསུམ་པ་ལ་རྗེས་ཀྱི་ཆོ་ག་སྟེ། དཀོན་མཆོག་ལ་བཏང་རག་གི་མཆོད་པ་འབུལ་བའོ། །བྱེད་པའི་ལས་ནི། མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་པ་ལས། །

སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས་ཏེ། དེ་ཡང་ཐུན་མོང་གི་སྐྱབས་འགྲོས་ནི། འཚེ་བ་ཐམས་ཅད་དང་། ངན་སོང་གསུམ་དང་། ཐབས་མ་ཡིན་པ་དང་། འཇིག་ཚོགས་ལ་ལྟ་བ་རྣམས་ལས་སྐྱོབ་པའོ། །

ཁྱད་པར་ཅན་གྱི་སྐྱབས་འགྲོས་ནི། ཐེག་པ་དམན་པ་མན་ཆད་ཀུན་ལས་སྐྱོབ་པའོ། །བསླབ་བྱ་ལ། སྤྱིའི་བསླབ་བྱ་གསུམ། བྱེ་བྲག་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་དགུ་ཡོད་དོ། །

དེ་ལ་དང་པོ་ནི། དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་ཞིང་། ཐ་ན་རང་ཟས་ཅི་ཟ་བའི་ཕུད་ཀྱིས་ཀྱང་མཆོད་པ་དང་། སྲོག་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་མི་སྤང་བ་དང་། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ལ་བསླབ་པོ། །

བྱེ་བྲག་གི་བསླབ་བྱ་གསུམ་ལས། སངས་རྒྱས་ལ་སྐྱབས་སུ་སོང་བས་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་སྟེ། མདོ་མྱ་ངན་འདས་ཆེན་ལས། སངས་རྒྱས་དག་ལ་སྐྱབས་སོང་བ། དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་ཡང་ལྷ་རྣམས་གཞན་དག་ལ། །སྐྱབས་སུ་གསོལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་མི་བྱེད་པ་སྟེ། མདོ་ལས་ཀྱང་། དམ་པའི་ཆོས་ལ་སྐྱབས་སོང་ན། གནོད་ཅིང་འཚེ་བའི་སེམས་དང་བྲལ། །ཞེས་གསུངས་སོ། །དགེ་འདུན་ལ་སྐྱབས་སུ་སོང་བས་མུ་སྟེགས་ཅན་ལ་མི་བསྟེན་པ་སྟེ། མདོ་ལས་ཀྱང་། དགེ་འདུན་ལ་ནི་སྐྱབས་སོང་བས། མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །ཞེས་གསུངས་སོ། །

ཆ་མཐུན་པའི་བསླབ་བྱ་གསུམ་ལས། སངས་རྒྱས་དཀོན་མཆོག་གི་རྟེན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཐ་ན་ས་ཙྪའི་ཆག་དུམ་ཡན་ཆད་ལ་གུས་པར་བྱ་བ་དང་། ཆོས་དཀོན་མཆོག་གི་རྟེན་དམ་ཆོས་ཀྱི་པོ་ཏི་དང་གླེགས་བམ། ཐ་ན་དེའི་ཡི་གེ་འབྲུ་རེ་ཡན་ཆད་ལ་གུས་པར་བྱ་བ་དང་། དགེ་འདུན་དཀོན་མཆོག་གི་རྟེན་སྟོན་པའི་ཆ་ལུགས་དང་། ཐ་ན་སེར་པོའི་ལྷན་པ་བཏབ་པ་ཡན་ཆད་ལ་གུས་པར་བྱའོ། ། སྐྱབས་སུ་སོང་བའི་ཕན་ཡོན་ལ་བརྒྱད་དེ། ནང་པ་སངས་རྒྱས་པར་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཟད་པར་འགྱུར་བ་དང་། མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པ་དང་། བསམ་པའི་

དངོས་པོ་ཐམས་ཅད་འགྲུབ་པ་དང་། རྒྱུ་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །

དོན་གསུམ་པ་སོ་སོར་ཐར་པའི་སྡོམ་པ་ནི། རྫས་སུ་ནི་བཞི་རྟེན་དུ་ནི་བརྒྱད་ཡོད་པ་ལས། འདིར་བསྙེན་གནས་མ་གཏོགས་པའི་རིས་བདུན་པོ་གང་རུང་གཅིག་བླང་བའོ། །

དེ་ལ་སོ་སོར་ཐར་པ་རིས་བདུན་ནི། དགེ་སློང་ཕ་མ་གཉིས། དགེ་སློབ་མ་དང་གསུམ། དགེ་ཚུལ་ཕ་མ་གཉིས་ཏེ་ལྔ། དགེ་བསྙེན་ཕ་མ་གཉིས་ཏེ་བདུན་ནོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་ས་ལས། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པའི་རིས་བདུན་པོ་དེ། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ། །ཞེས་གསུངས་སོ། །

འོ་ན་འཇུག་པའི་སེམས་བསྐྱེད་ཀྱི་དོན་དུ་སོ་སོར་ཐར་པའི་སྡོམ་པ་དགོས་པ་ཅི་ཞེ་ན། དཔེ་དང་། ལུང་དང་། འཐད་པ་སྟེ། རྒྱུ་མཚན་གསུམ་གྱི་སྒོ་ནས་རྟེན་དུ་དགོས་པར་རིག་པར་བྱའོ། །

དེ་ལ་དང་པོ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་དེ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བའི་གནས་ནི། ལུད་དང་ལྗན་ལྗིན་ལ་སོགས་པ་མི་གཙང་བས་ཁྱབ་པའི་ས་ཕྱོགས་མ་ཡིན་ཏེ། ཁང་བཟང་ལེགས་པར་བྱི་དོར་བྱས་པ་རིན་པོ་ཆེ་ལ་སོགས་པའི་རྒྱན་དུ་མས་སྤྲས་པ་ཡིད་དུ་འོང་བ་ཞིག་ཡིན་པ་ལྟར། །བྱང་ཆུབ་ཀྱི་སེམས་ཀྱི་རྒྱལ་པོ་དེ་ཡང་བསྐྱེད་ཅིང་བཞུགས་སུ་གསོལ་བའི་གནས་ནི། ལུས་ངག་ཡིད་གསུམ་མི་དགེ་བ་ལས་མི་སྡོམ་པ་དང་། སྡིག་པའི་དྲི་མས་གོས་པའི་རྒྱུད་ལ་མ་ཡིན་ཏེ། ལུས་ངག་ཡིད་གསུམ་སྡིག་པའི་དྲི་མ་དང་བྲལ་བ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ལེགས་པར་བརྒྱན་པའི་ལུས་ལ་བསྐྱེད་ཅིང་བཞུགས་སུ་གསོལ་བ་ཡིན་པའོ། །

ལུང་ནི། མདོ་སྡེ་རྒྱན་གྱི་སེམས་བསྐྱེད་པའི་སྐབས་ལས། སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ཞེས་གསུངས་ཏེ། དེ་ཡང་བསྙེན་གནས་ཀྱི་སྡོམ་པ་ནི། ཉིན་ཞག་གཅིག་པའི་སྡོམ་པ་ཡིན་པས་རྒྱ་ཆུང་ལ། རིས་བདུན་པོ་དེ་ནི་དེ་ལྟར་མ་ཡིན་པས་སྡོམ་པ་རྒྱ་ཆེན་པོ་སྟེ། དེས་ན་རིས་བདུན་ནི་སེམས་བསྐྱེད་ཀྱི་རྟེན་དུ་གསུངས་པ་ཡིན་ནོ། །བྱང་ཆུབ་ལམ་སྒྲོན་ལས་ཀྱང་། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་ཏེ། སོ་སོར་ཐར་པ་རིས་བདུན་ལས་གང་རུང་གཅིག་རྟེན་དུ་བཤད་པའོ། །

འཐད་པ་ནི། སོ་སོར་ཐར་པའི་སྡོམ་པ་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་གཞན་ལ་ཕན་འདོགས་པ་ཡིན་ཏེ། གནོད་པ་ལས་མ་ལོག་པར་ཕན་གདགས་ཐབས་མེད་པའི་ཕྱིར་རོ། །

གལ་ཏེ་གཞན་དག་ན་རེ། །སོ་སོར་ཐར་པའི་སྡོམ་པ་དེ། བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བའི་རྟེན་དུ་མི་འཐད་དེ། ཟ་མ་དང་། མ་ནིང་དང་། ལྷ་ལ་སོགས་པ་ལ་སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་བ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བར་བཤད་པའི་ཕྱིར་རོ། །གནས་པའི་རྟེན་དུ་ཡང་མི་འཐད་དེ། སོ་སོར་ཐར་པ་ནི་ཤི་འཕོས་པས་གཏོང་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་དེས་མི་གཏོང་བའི་ཕྱིར་རོ་ཞེ་ན། ལན་ནི། སོ་སོར་ཐར་པའི་སྡོམ་པ་ལ་བསམ་པའི་ཁྱད་པར་གྱི་རིགས་གསུམ་ཡོད་དེ། རིས་བདུན་པོ་དེ་ཁམས་གསུམ་གྱི་བདེ་བར་འདོད་པའི་བསམ་པས་བླངས་ན་ལེགས་སྨོན་གྱི་ཚུལ་ཁྲིམས་ཞེས་བྱའོ། །རང་གི་སྡུག་བསྔལ་གཏན་དུ་སྤང་བར་འདོད་པའི་བསམ་པས་བླངས་ན། ཉན་ཐོས་ཀྱི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཞེས་བྱའོ། །བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་བསམ་པས་བླངས་ན། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཞེས་བྱའོ། །

དེ་ལ་སྔ་མ་གཉིས་པོ་ནི། ཟ་མ་དང་། མ་ནིང་དང་། ལྷ་ལ་སོགས་པ་ལ་མི་སྐྱེ་བའི་ཕྱིར་དང་། ཤི་འཕོས་ནས་གཏོང་བའི་ཕྱིར་དང་། ཉམས་ན་སླར་གསོ་མི་རུང་བའི་ཕྱིར། །བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་མ་ཡིན་ལ། །བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི། ཟ་མ་དང་། མ་ནིང་དང་། ལྷ་ལ་སོགས་པ་ལ་ཡང་ཡོད་པ་དང་། ཤི་འཕོས་ཀྱང་མི་གཏོང་བ་དང་། ཉམས་ན་སླར་གསོ་རུང་བའི་ཕྱིར། སྐྱེ་བའི་རྟེན་ཡང་ཡིན་ལ་གནས་པའི་རྟེན་ཡང་ཡིན་ནོ། །དེས་ན་མདོ་སྡེ་རྒྱན་གྱི་འགྲེལ་པ་ལས་ཀྱང་། སེམས་དེའི་རྟེན་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་རྟེན་ནོ། །ཞེས་གསུངས་སོ། །

ཡང་ན་སྐྱེ་བའི་རྟེན་དུ་དགོས་ལ། གནས་པའི་རྟེན་དུ་ངེས་པ་མེད་དེ། དཔེར་ན་ཟག་པ་མེད་པའི་སྡོམ་པ་སྐྱེ་བའི་རྟེན་དུ། བསམ་གཏན་གྱི་སྡོམ་པ་དགོས་ཀྱང་། གནས་པའི་རྟེན་དུ་ངེས་པ་མེད་པ་ལྟ་བུའོ། །ཞེས་གསུངས་སོ། ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་སྡོམ་པ་དེ་ཡང་། །ལེན་པའི་ཆོ་ག་ནི་ལོགས་སུ་མི་དགོས་ཏེ། སྔར་ཉན་ཐོས་ཀྱི་བསླབ་པ་བླངས་པ་ཉིད་ཕྱིས་བསམ་པ་ཁྱད་པར་ཅན་གྱིས་ཟིན་ན། གནས་འགྱུར་ནས་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་བ་ཡིན་ཏེ། དམན་པའི་སེམས་བཏང་ཡང་སྤོང་བའི་སེམས་པ་མ་དོར་བའི་ཕྱིར་རོ། །དེ་ལྟར་ཐེག་པ་ཆེན་པོའི་རིགས་དང་ལྡན་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ། སོ་སོར་ཐར་པའི་སྡོམ་པ་རིས་བདུན་ལས་གང་རུང་གཅིག་དང་ལྡན་པ་སྟེ། དེ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྟེན་གྱི་གང་ཟག་ཡིན་ནོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། སྐྱབས་སུ་འགྲོ་ཞིང་སྡོམ་པ་བཟུང་བའི་ལེའུ་སྟེ་བརྒྱད་པའོ། །། །